དགེ་འདུན་པ་ཞིག་འཇུས།

2009-07-12 00:53

དགེ་འདུན་པ་ཞིག་འཇུས།

 ད་ལོའི་ཟླ་ལྔ་བའི་ནང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང༌། བླ་བྲང་དགོན་པའི་དགེ་འདུན་པ་ཙ་ཡེ་

སྐལ་བཟང་རྒྱ་མཚོ་ཆབ་སྲིད་ཀྱི་དོགས་གཞིའི་འོག བསང་ཆུ་རྫོང་གི་ཉེན་རྟོག་པས་དགོན་པ་ནས་འཇུ་བཟུང་བྱས་

ཡོད་འདུག

 དེ་ཡང་ ༢༠༠༩ ལོའི་ཟླ་ ༥ ཚེས་ ༢༢ ཉིན་དགོང་མོ་བླ་བྲང་དགོན་པའི་དགེ་འདུན་པ་ཙ་ཡེ་སྐལ་བཟང་རྒྱ་མཚོ་

རང་གི་སྡོད་ཤག་ནས་བསང་ཆུ་རྫོང་གི་ཉེན་རྟོག་པས་འཇུ་བཟུང་གིས་མགོ་ལ་རས་ནག་པོ་གཡོགས་ཏེ་བཙན་འཁྲིད་

བྱས་ཡོད་པ་དང༌། ཁོང་འཇུ་བཟུང་མ་བྱས་པའི་ཉིན་ཤས་སྔོན་ནས་བསང་ཆུ་རྫོང་གི་ཉེན་རྟོག་པའི་ལྟ་ཞིབ་ནན་

པོའི་འོག་གནས་ཤིང༌། རང་ལོ་ ༣༥ ཙམ་སོན་པའི་སྐལ་བཟང་རྒྱ་མཚོ་ནི་སྐྱེས་ཡུལ་བསང་ཆུ་རྫོང་ཙ་ཡུལ་སྡེ་པ་

ནས་ཡིན་པ་དང༌། བླ་བྲང་དགོན་དུ་གྲྭ་པ་བྱས་ཏེ་ལོ་མང་འགྲོ་གི་ཡོད་ཅིང༌། བླ་བྲང་དགོན་པའི་མཚན་ཉིད་གྲྭ་

ཚང་གི་མཛོད་འཛིན་གྲྭའི་སློབ་གཉེར་བ་ཡིན་པ་རེད།

 རྒྱ་གཞུང་གིས་བོད་ནང་མུ་མཐུད་བོད་མིའི་ཐོག་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་ཏེ་ ༢༠༠༨ ལོའི་

ཞི་རྒོལ་ནང་འཛུལ་ཞུགས་བྱེད་མཁན་བོད་མིའི་ཐོག་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། འཇུ་བཟུང་བྱེད་པ་

དང༌། ལྷག་པར་དུ་བོད་ཀྱི་དགོན་སྡེ་ཁག་ལ་དྲག་རྡུང་ལས་འགུལ་སྤེལ་བའི་གཙོ་གནད་དུ་བཟུང་སྟེ་ཆོས་བྱེད་མི་

སྣ་གང་བྱུང་འཇུ་བཟུང་དང༌། གར་སོང་ཆ་མེད་དུ་གྱུར་བ། མནར་གཅོད་དབང་གིས་རྐྱེན་འདས་སུ་འགྱུར་བ་དང་

དབང་པོ་སྐྱོན་ཅན་དུ་འགྱུར་བ། དྲང་བདེན་ཁྲིམས་བཤེར་མེད་པར་ཁྲིམས་ཆད་ལྗིད་པོ་གཅོད་པ། དགོན་པ་ནས་

ཕྱིར་འབུད་བྱེད་པ་སོགས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་འཕོག་གིན་ཡོད་པ་རེད།

 ༢༠༠༩ ལོའི་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་གཙོ་གནད། རྡུང་རྡེག་ཚ་ནན་གྱི་ལས་འགུལ་གཏིང་ཟབ་

སྤེལ་རྒྱུ། ཞེས་པའི་ལས་དོན་གཙོ་གནད་བཀོད་སྒྲིག་ཡིག་ཆའི་དོན་ཚན་བཅོ་ལྔ་པར། བོད་ལྗོངས་དང་དེ་མིན་བོད་

ཁུལ་གཞན་དག་ནང་རྡུང་གཅོག་འཕྲོག་བསྲེག་གི་ལས་འགུལ་ནང་འཛུལ་ཞུགས་བྱས་ཀྱང་ཉེས་ཆད་ཕོག་མེད་པ།

ཁྲིམས་འགལ་གྱི་རྒྱལ་མཚམས་བརྒལ་ནས་ཕྱིར་ལོག་བྱས་པ། དགོན་སྡེ་ནས་ཕྱིར་འཕུད་བྱས་པའི་མི་སྣ་བཅས་ལ་དོ་

དམ་ལས་དོན་ཡག་པོ་སྤེལ་ཏེ། བྱ་ཐབས་གནས་འཁེལ་ལག་བསྟར་བྱ་རྒྱུར་འགན་ལེན་ཐུབ་པ་བྱེད་དགོས་ཞེས་འཁོད་

འདུག ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་འདུག

Back

Search site

© 2009 All rights reserved Konchok.webnode.com

Free website builder :: Webnode