གློ་བུར་དུ་ཕྱིར་ལོག
2009-07-09 10:47
རྒྱ་ནག་སྲིད་འཛིན་ཧུ་ཅིང་ཏའོ་གློ་བུར་རྒྱ་ནག་ཏུ་ཕྱིར་ལོག
RFA རླུང་འཕྲིན་ཁང་།
རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོས་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་ལ་རྟོག་ཞིབ་བྱ་ཕྱིར་ཨི་ཊ་ལི་ནས་
རྒྱ་ནག་ལ་ཕྱིར་ལོག་གནང་འདུག
༄༅༎རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆི་ནང་རེས་གཟའ་ཉི་མའི་ཉིན་
ཟིང་འཁྲུག་ལངས་ནས་རྒྱ་ཧན་མི་རིགས་དང་ཡུ་གུར་ཁ་ཆེའི་དབར་འཐབ་འཁྲུག་ལངས་བའི་གནས་ཚུལ་བྱུང་
བའི་རྗེས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོས་ཨི་ཊ་ལིའི་ནང་བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་
ལྷན་ཚོགས་ནང་མཉམ་ཞུགས་མ་བྱས་པར་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་ལ་རྟོག་ཞིབ་བྱ་ཕྱིར་རྒྱ་ནག་
ལ་འཕྲལ་དུ་ཕྱིར་ལོག་གནང་འདུག
ཁུལ་དེའི་ནང་གི་རྒྱ་ཧན་མི་རིགས་སྟོང་ཕྲག་བརྒལ་བས་ཡུ་གུར་མི་རིགས་ཐོག་དགྲྭ་ཤ་ལེན་རྒྱུའི་བསམ་བློ་འཛིན་
སྟེ་ལྕགས་ཧྲེང་དང་གྲི་སོགས་འཁྱེར་ནས་ཨུ་རུམ་ཆིའི་སྲུང་ལམ་ཁག་ནང་ཐོན་ཡོད་པ་དེ་རྣམས་འགོག་ཐབས་སུ་
རྒྱ་ནག་གཞུང་གིས་ཟིང་འཁྲུག་ཞོད་འཇགས་དཔུང་དམག་ཕོན་ཆེ་གྲོང་ཁྱེར་ནང་འགྲེམས་འཇོག་བྱས་ཡོད་པ་
དང་རྒྱ་མིའི་ཉེན་རྟོག་པ་དང་བདེ་འཇགས་དཔུང་དམག་གིས་ཞེ་འཁོན་ཡོད་པའི་མི་ཚོགས་སྣེ་འཁྲིད་བྱེད་མཁན་
ཡིན་པར་བློ་དོགས་བྱེད་སའི་མི་ཚོ་འཛིན་བཟུང་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག
ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་ཛ་དྲག་ཡོད་པར་ངོས་འཛིན་བྱས་ནས་རྒྱ་ནག་གཞུང་གིས་ཨི་ཊ་ལི་ནང་
བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་ཐོག་ཕེབས་པའི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་
དེ་རིང་རྒྱ་ནག་ལ་ཕྱིར་ལོག་གནང་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད། ཧོང་ཀོང་སྦེཔ་ཊི་སི་གཙུག་ལག་
སློབ་གྲྭ་ཆེན་མོའི་ནང་ཆབ་སྲིད་ཚན་རིག་གི་སློབ་དཔོན་ཇཱོན་པིཡེར་ཁེ་སྦེསི་ཀྲེན་ཡིས་རྒྱ་ནག་གི་སྲིད་འཛིན་གྱིས་
ཕྱི་རྒྱལ་ཡུལ་གྲུའི་ནང་གི་ལྟ་སྐོར་བྱ་འཕྲོས་བཞག་ནས་རང་ཡུལ་དུ་ཕྱིར་ལོག་བྱས་པ་ད་རེས་མ་གཏོགས་མཐོང་མྱོང་
མེད། དེ་ནི་བློ་འཚབ་ཡོད་པ་གསལ་པོ་རེད། སྲིད་འཛིན་ནི་སྤྱི་དམངས་དང་དམག་དོན་དབར་འབྲེལ་མཐུད་བྱེད་
མཁན་ཞིག་ཡིན་དུས་ཁོང་མེད་ན་གལ་ཆེའི་གནད་དོན་ཁག་གི་ཐོག་ཐག་གཅོད་བྱེད་ཐུབ་ཡག་མེད་པ་གསལ་བཏོན་
བྱུང་ཡོག་རེད་ཅེས་འགྲེལ་བརྗོད་གནང་བཞག།
———
Back

