གདུང་སེམས་མཉམ་བསྐྱེད།

2009-07-12 01:16

ཡུ་གུར་མི་རིགས་ཚོར་བཙན་བྱོལ་བོད་མིས་གདུང་སེམས་མཉམ་བསྐྱེད།

 བཙན་བྱོལ་བྱོད་མིས་ཤར་ཏུར་ཀེ་སི་ཐན་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་མར་མེའི་

ཁྲོམ་སྐོར་ཞིག་ཞུས་ཡོད་ཅིང་། སྐབས་དེར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  དུས་རབས་ཕྱེད་ཀ་

ལྷག་རིང་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀེ་སི་ཐན་གཉིས་ལ་བཙན་འཛུལ་བྱས་ཏེ་མངའ་ཁོངས་སུ་བསྡུས་

ཡོད་ཀྱང༌། མི་རིགས་འདི་གཉིས་ཀྱིས་བཙན་གནོན་ལ་མགོ་བོ་མ་སྒུར་བར། གཞི་རྩའི་རང་དབང་དང་འགྲོ་བ་མིའི་

ཐོབ་ཐང་ཆེད་འཐབ་རྩོད་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།

རྒྱ་ནག་གཞུང་གི་སྲིད་དབང་སྒེར་གཅོད་དང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་འོག མི་རིགས་བར་དུ་འགལ་ཟླ་དང་

ལྷིང་འཇགས་མེད་པར་བཟོས་ཏེ་བཙན་གནོན་བྱེད་ཀྱིན་ཡོད། བཙན་བྱོལ་བྱོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་

པ་ལྔ་ཡིས་ཤར་ཏུར་ཀེ་ས་ཐན་ནང་དུ་ཛ་དྲག་གི་དཀའ་ངལ་འོག་ཚུད་པའི་ཡུ་གུར་མི་མང་རྣམས་ལ་སེམས་འཚབ་

ཆེན་པོས་གདུང་སེམས་ཉམ་བསྐྱེད་བྱེད་ཀྱིན་ཡོད།ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་པའི་དབུ་ཁྲིད་ལྕམ་རེ་

བྷེ་ཡ་ཀཱ་དྷེར་ལགས་དང༌།    འཛམ་གླིང་ཡུ་གུར་ལྷན་ཚོགས་གཉིས་ལ་ཡང་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན།

རྒྱ་ནག་གཞུང་ལ་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་མཁན་ཡུ་གུར་མི་མང་རྣམས་མགྱོགས་མྱུར་གློད་གྲོལ་ཡོང་བ་དང༌། དེ་

བཞིན་དྲ་བ་དང་ཁ་པར་བརྒྱུད་ལམ་བཀག་སྡོམ་བྱས་པ་རྣམས་སླར་གསོ་ཡོང་བ།བདེན་པ་མིན་པའི་དྲིལ་བསྒྲགས་རྫུན་

མ་རྣམས་མྱུར་དུ་མཚམས་འཇོག་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ཚོགས་ཆུང་ཞིག་ཤར་

ཏུར་ཀེ་སི་ཐན་ནང་དུ་རྟོགས་ཞིབ་བ་བར་ཆོག་མཆན་ཡོང་བ་བཅས་ཀྱི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་གཞུང་གིས་སྔར་ལོ་

བོད་ནང་དུ་བོད་མི་ཞི་རྒོལ་བ་ཚོར་རྒོལ་རྡུང་དང་དྲག་གནོན་བྱས་པ་ལྟར། ད་ཆ་ཤར་ཏུར་ཀེ་སི་ཐན་དུ་ཡང་དྲང་

བདེན་དང་འདྲ་མཉམ་མིན་པའི་རྩུབ་སྤྱོད་སྣ་ཚོགས་ལག་བསྟར་བྱེད་ཀྱིན་ཡོད་པ་དང༌། མཚན་མོར་མི་ཚང་རེ་རེ་

བཞིན་རྒྱ་ནག་ཉེན་རྟོག་པ་ཉུལ་ཞིབ་ཀྱིས་དོགས་ཡོད་མི་སྣ་འཛིན་བཟུང་བྱེད་མུས་ཡིན།          སྔར་ལོ་བོད་ནང་གི་

ཞི་རྒོལ་དོན་རྐྱེན་དེ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་སོགས་ལ་མ་ཉེས་ཁ་གཡོག་བྱས་པ་ལྟར།     དེ་རིང་

ཡང་བདེན་པ་དང་རྒྱུ་མཚན།  དཔང་རྟགས་གང་ཡང་མེད་པར་ཕྱི་རྒྱལ་དུ་བཞུགས་ཡོད་པའི་ཡུ་གུར་གྱི་རང་དབང་

འཐབ་རྩོད་པ་ལྕམ་རེ་བྷེ་ཡ་ཀཱ་དྷེར་ལགས་དང༌། འཛམ་གླིང་ཡུ་གུར་ལྷན་ཚོགས་ལ་མ་ཉེས་ཁ་གཡོག་སོགས། དངོས་

ཡོད་གནས་ཚུལ་སྦས་འགེབ་ཀྱིས་དྲིལ་བསྒྲགས་རྫུན་མའི་ལམ་ནས་མི་རིགས་ཕན་ཚུན་བར་དུ་འགལ་ཟླ་དང་འཁོན་

སེམས་སློང་གི་ཡོད།

པེ་ཅིན་དུ་རྟེན་གཞི་བྱེད་ཡོད་པའི་ཀཱང་མེན་ཚོགས་པ་ཞེས་པ་ཞིག་གིས་མཉམ་ཞིབ་ཀྱི་སྙན་ཐོ་ཞིག་བཏོན་ཡོད་པའི་

ནང་༼རྒྱ་ནག་གཞུང་གིས་སྔར་ལོར་བོད་མི་ཚོས་ཞི་རྒོལ་བྱས་པ་དེ་ཉིད་དྲག་པོའི་ལམ་ནས་འཐབ་རྩོད་བྱས་པ་དྲིལ་བསྒྲཌ

ཤུགས་ཆེན་བྱས་ཏེ་རྒྱ་མི་རིགས་ཀྱིས་བོད་མི་ཚོར་འཁོན་སེམས་དང་འཇིགས་སྣང་སྐྱེ་གཞི་བཟོས་ཤིང། རྒྱ་མི་རིགས་ཚོས་

སྔོན་ཆད་བོད་མིའི་རིག་གནས་དང་ཁོར་ཡུག་རྩ་ཆེན་དང་སྙིང་རྗེ་བོར་ངོས་འཛིན་བྱེད་པའི་བསམ་བློ་དེ་ད་ལྟ་དོགས་པ་

དང་འཁོན་སེམས་ཅན་དུ་བསྒྱུར་ཡོད།  གལ་ཏེ་རྒྱ་ནག་གཞུང་གིས་མི་རིགས་ཕན་ཚུན་བར་དུ་འཁོན་སེམས་དང་འགལ་

ཟླ་བསླངས་ནས་དྲིལ་བསྒྲགས་རྫུན་མ་རྒྱུན་འཁྱོངས་བྱེད་ཚེ་ལོ་རྒྱུས་ཁྲོད་ཀྱི་མི་རིགས་ཕན་ཚུན་བར་བརྩི་བཀུར་དང་མཐུན་

སྒྲིལ་ལ་གནོད་པ་ཚབས་ཆེན་དང་མེད་པར་གཏོང་བའི་ཉེན་ཁ་འདུག༽ བསྡོམས་བརྒྱབ་ཡོད།  བོད་གཞིས་ལུས་རྒྱ་ཆེའི་མི་

མང་གིས་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ནས་ཞི་བའི་ངོ་རྒོལ་བྱས་ཏེ་ཟླ་ ༡༦ ལས་མ་འགོར་བའི་དེ་རིང་ཡང་ད་དུང་བོད་

གཞིས་ལུས་རྒྱ་ཆེའི་མི་མང་རྒྱ་ནག་གི་དྲག་གནོན་འོག་གནས་མུས་ཡིན་པ་དང༌། བོདམི་སྟོང་ཕྲག་ལྷག་གར་སོང་ཆ་མེད་

སོང་བ་དང་༢༠༠ལྷག་ཚེ་སྲོག་ཤོར་བ།བརྒྱ་ཕྲག་མང་པོ་བཙོན་དུ་ཚུད་པ་སོགས་ཀྱི་ཁྲིམས་ཆད་སྣ་ཚོགས་བཅད་པ་དང༌། དམིགས་བསལ་གྱིས་བོད་མི་ལྔ་ལ་སྲོག་ཁིམས་བཅད་པ་སོགས་ཀྱིས་གནས་ཚུལ་ལ་གཞིགས་ན་ཡུ་གུར་མི་རིགས་ལ་ཡང་དེ་

ལྟ་བུའི་དཀའ་སྡུག་འབྱུང་སིད་པའི་དངངས་སྐྲག་དང་བློ་འཚབ་སྐྱེས་ཀྱིན་འདུག

༼༧གོང་ས་མཆོག་གིས་ཚེས་ ཉིན་ཡུ་གུར་མི་རིགས་ནང་དུ་བྱུང་བའི་གནས་ཚུལ་དེའི་ཁྲོད་དུ་ཚེ་སྲོག་ཤོར་བ་རྣམས་ལ་

སྨོན་མ་དང་ཐུགས་ཚབས་གནང་ཡོད་ལ། དེ་བཞིན་རྒྱ་ནག་གཞུང་འཛིན་མི་སྣ་ལ་ཡུ་གུར་མི་རིགས་ཀྱི་གནད་དོན་

ཐག་གཅོད་ཡོང་བར་བསམ་ཤེས་དང་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་དགོས་པར་འབོད་སྐུལ་གནང་ཡོད་པ་དང༌། ཡུ་གུར་མི་རིགས་ཀྱི་དབང་འཐབ་རྩོད་པ་ལྕམ་རེ་བྷེ་ཡ་ཀཱ་དྷེར་ལགས་ཀྱིས་ཤར་ཏུར་ཀེ་སི་ཐན་ནང་ལོགས་སུ་དྲག་གནོན་

མཚམས་འཇོག་གིས་དྲང་བདེན་དང་ཞི་འཇགས་ཡོང་བའི་འབོད་སྐུལ་ཞུས་པ་གཉིས་ལ་ང་ཚོའི་ངོས་ནས་རྒྱབ་སྐྱོར་ཞུ་རྒྱུ་

ཡིན་ལ།དེ་ནང་བཞིན་ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་གཉའ་གནོན་དང་བཤུ་བཞོག་མཚམས་

འཇོག་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

སིད་འཛིན་ཧུའུ་ཅིན་ཐའོ་ཡུ་རོབ་ཁོངས་གཏོགས་ཨི་ཊི་ལི་རུ་འབྱོར་ལྡན་བརྒྱད་ཀྱི་ཚོང་ལས་ལྷན་ཚོགས་ཐོག་ཆེད་བཅར་

ཞུས་ཡོད་ཀྱང༌།  ཤར་ཏུར་ཀེ་སི་ཐན་ནང་བྱུང་བའི་དོན་རྐྱེན་དེའི་འོག     ཧུའུ་ཅིན་ཐའོ་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་

དངོས་གཞི་དེར་ཞུགས་མ་ཐུབ་པར་གློ་བུར་དུ་རྒྱ་ནག་ལ་ཕྱིར་ལོག་བྱ་དགོས་བྱུང་ཡོད། དེར་ང་ཚོའི་ངོས་ནས་སྲིད་འཛིན་

ཧུའུ་ཅིན་ཐའོ་ཡིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་གདོང་པ་བསྟན་མ་ཕོད་པ་དང༌། རྒྱ་ནག་གིས་བོད་དང་ཤར་ཏུར་ཀེ་

སི་ཐན་དུ་བཙན་འཛུལ་དང་བཙན་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་ངོ་ཚ་ལ་ངོས་འཛིན་བྱེད་ཀྱིན་ཡོད།

༽ཅེས་ཚོགས་པ་ལྔའི་མགྲིན་ཚབ་པ་དོན་འགྲུབ་ལྷ་དར་ལགས་ཀྱིས་གསུངས་པ་བཅས།

བོད་རྒྱལ་ལོ་ ༢༡༣༦ སྤྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༩ ཉིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས།

ཚོགས་པ་ལྔ།

༡ བོད་ཀྱི་གཞོན་ནུ་ལྷན་ཚོགས།

༢་བོད་ཀྱི་བུད་མེད་ལྷན་ཚོགས།

༣ བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ།

༤ བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།

༥ བོད་རང་བཙན་སློབ་ཕྲུག་ཚོགས་པ།

Back

Search site

© 2009 All rights reserved Konchok.webnode.com

Create a free website :: Webnode